༈ ལྷ་དྲ་ཐོག་བོད་ཡིག་འཛིན་གྲྭ་འགོ་འཛུགས་ཀྱི་གསལ་བསྒྲགས།
༄༅།། བློ་རིག་རྣམ་པར་བཀྲ་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་དོན་གཉེར་ཅན་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།
འདི་གར་ཁེ་ན་ཌར་གསར་དུ་བཙུགས་པའི་ཁེ་མེད་དང་དགེ་རྩའི་ཚོགས་པ་ “ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་” (Lha Tibetan Heritage Society) འདི་ཉིད་ཁེ་ན་ཌའི་དབུས་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་པ་དང་འབྲེལ། ང་ཚོའི་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབ་རྒྱུ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན།
དེང་སྐབས་དྲ་ལམ་གྱི་མཐུན་རྐྱེན་ཧ་ཅང་ཚད་མཐོ་ལ་སྟབས་བདེ་ཡོད་པར་བརྟེན། ང་ཚོའི་ཞབས་ཞུའི་རྣམ་གྲངས་ཁག་དྲ་ཐོག་ནས་ཞུ་རྒྱུ་ཡིན་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༨ ཉིན་རེས་གཟའ་ལྷག་པ་ཉིན་ནས་བཟུང་ “དྲ་ཐོག་བོད་ཡིག་འཛིན་གྲྭ་” དངོས་སུ་དབུ་འཛུགས་ཞུ་རྒྱུ་ཡིན། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་དུས་བཟང་དང་། དེ་བཞིན་ཕྱི་ཟླ་བདུན་པ་ནི་མངའ་སྡེ་འདིའི་ནང་བོད་ཀྱི་གཅེས་ནོར་ཟླ་བ་སྲུང་བརྩི་ཞུ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས། ལས་གཞི་འདི་ལྟ་བུ་ཞིག་འགོ་འཛུགས་ཐུབ་པར་དགའ་སྤྲོ་རབ་ཏུ་འཕེལ།
གལ་ཆེའི་ལས་གཞི་འདིར་དོ་དབྱིངས་ཡོད་མཁན་ཁེ་ན་ཌར་བཞུགས་མཁན་ཙམ་མ་ཟད། བྱང་ཨ་རིའི་ས་གནས་ཁག་ནས་ང་ཚོའི་འཛིན་གྲྭའི་དུས་ཚོད་དང་མཐུན་ཚེ་མིང་ཐོ་འགོད་ནས་འཛུལ་ཞུགས་གནང་བར་དགའ་བསུ་ཡོད། སློབ་ཚན་འདིར་ཞུགས་པར་ཐུགས་འདོད་ཡོད་མཁན་རྣམས་འཛིན་གྲྭ་བརྒྱད་པ་ཡན་གྱི་སློབ་ཕྲུག་ཡིན་དགོས། ང་ཚོ་ཚང་མར་བོད་མི་རིགས་ཀྱི་སྲོག་རྩར་གྱུར་པའི་བོད་ཀྱི་སྐད་ཡིག་དང་ཆོས་རིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་འདོར་དུ་མེད་པའི་ཐུན་མོང་གི་འོས་འགན་ཡོད་པ་བཞིན། རང་དོན་རང་གཅེས་དང་གོ་སྐབས་དམ་འཛིན་གྱིས་མ་འོངས་བོད་ཀྱི་སོན་རྩ་གང་མང་ལས་གཞི་འདིའི་ཆ་ཤས་བཞེས་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
ཚོགས་པ་གསར་འཛུགས་ཞུ་མཁན་དྷ་སར་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་དང་ད་ལྟའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འགའ་ཤས་ཡིན་ཞིང་། མི་ལོ་ ༢༠ ལྷག་ཁེ་མེད་ཚོགས་པ་འཛིན་སྐྱོང་དང་ལས་གཞི་འཆར་འགོད་བྱས་པའི་ཉམས་མྱོང་ཡོད་པ་མ་ཟད། ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན། ལྷག་པར་དུ་བོད་ཀྱི་ཡིག་སྐད་དང་རིག་གཞུང་སོགས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་འགན་ཁུར་གྱི་འདུ་ཤེས་དང་ཉམས་མྱོང་ཡོད་མཁན་ཡིན།
སློབ་ཁྲིད་གནང་མཁན་དགེ་རྒན། ཝཱཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐད་བརྡ་རིག་པའི་འབུམ་རམས་པ་ (Ph.D. in Linguistics) དང་དགེ་རྒན་ཟུར་པ། གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་སློབ་སྤྱི་ཟུར་པ་རྒན་བདེ་ཆེན་རྡོ་རྗེ་ལགས་ཡིན་ཞིང་། ཁོང་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ནང་ཆོས་སོགས་མཁྱེན་རྒྱ་ཡངས་པ་མ་ཟད། སྐད་ཡིག་སློབ་ཁྲིད་གནང་ཕྱོགས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་ཡིན།
- 📅 འགོ་འཛུགས་ཉིན་མོ། ༢༠༢༦ ཕྱི་ཟླ་ ༧ ཚེས་ ༨ ཉིན།
- 💻 སློབ་ཁྲིད་བྱེད་ཐབས། དྲ་ཐོག་གྷུ་གྷལ་འཛིན་འཛིན་ཁང་།
- 🔗 ཐོ་འགོད་འགེངས་ཤོག་གི་དྲ་ཐག ཐོ་འགོད་འགེངས་ཤོག
- ཐོ་འགོད་དུས་བཀག ༢༠༢༦ ཕྱ་ཟླ་ ༧ ཚེས་ ༥ བར།
- (སློབ་དུས་དང་སློབ་ཡོན་དོད་སོགས་དགོས་ངེས་ཀྱི་ཞིབ་ཕྲ་གནས་ཚུལ་ཁག་ཐོ་འགོད་འགེངས་ཤོག་ནས་མཁྱེན་རྟོགས་ཐུབ་པས་དེར་གཟིགས་རོགས་ཞུ།)
ལས་གཞིའི་རོགས་དངུལ་གནང་མཁན་ཨ་རི་བོད་ཀྱི་ཐེབས་རྩ་ཡིན་པས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༠ ཉིན།
འབྲེལ་གཏུག་མི་སྣ། ངག་དབང་རབ་རྒྱས་དང་བསྟན་འཛིན་བསམ་གཏན།
ཁ་པར་ཨང་། ༤༣༧༨༠༠༢༤༨༨ གློག་འཕྲིན་ཁ་བྱང་། [email protected]


