Skip to main contentSkip to footer

ང་ཚོའི་སྐོར།

ང་ཚོའི་འཆར་སྣང་།

བོད་ཀྱི་ལེགས་བྱང་དང་ནང་ཆོས་སོགས་སློབ་སྦྱོང་དང་དར་སྤེལ་གཏོང་སའི་འཁོར་ཡུག་ཅིག་བསྐྲུན་པ་བརྒྱུད། སྐྱེ་བོ་རེ་རེའི་མི་ཚེའི་མདུན་ལམ་ལ་དགོས་མཁོའི་མཐུན་རྐྱེན་འཛོམས་ཤིང་། དེ་བཞིན་ཆེ་མཐོང་དང་། གུས་བརྩེ། དོན་སྙིང་ལྡན་པའི་མི་ཚེ་ཡོང་བར་བྱེད་རྒྱུ།

ལས་འགན།

ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནས་བོད་ཀྱི་ལེགས་བྱང་སྲུང་སྐྱོབ་དང་དར་སྤེལ། ཤེས་ཡོན། སྤྱི་ཚོགས་ཞབས་ཞུ། སེམས་ཁམས་འཕྲོད་བསྟེན། རིག་གཞུང་བརྗེ་རེས་བཅས་ཀྱི་ལས་གཞི་བརྒྱུད་ནས་མི་སྒེར་དང་སྤྱི་ཚོགས་ཀྱི་ནུས་སྟོབས་གོང་སྤེལ་བཏང་སྟེ། མི་ཚེ་གང་པོར་བདེ་སྐྱིད་དང་། ཞི་བདེའི་དཔལ་ཡོན། དེ་བཞིན་ཕུགས་རེ་ལྡན་པའི་མ་འོངས་པ་ཞིག་བསྐྲུན་རྒྱུ།

རྩ་བའི་རིན་ཐང་།

སྙིང་རྗེ་དང་། རིག་གཞུང་རྒྱུན་འཛིན། ཀུན་ཁྱབ་ཀྱི་འགན་འཁུར་བཅས་ཀྱི་ལམ་སྟོན་འོག་ནས་ང་ཚོས་བོད་ཀྱི་རིག་གཞུང་བཟང་པོ་སྲུང་སྐྱོབ་དར་སྤེལ་དང་། དེ་བཞིན་མི་རིགས་འདྲ་མིན་གྱི་རིག་གཞུང་ལ་གུས་བརྩི་ཞུ་བའི་ཐོག་ མི་སྒེར་དང་སྤྱི་ཚོགས་ལ་བྱམས་བརྩེ་དང་གུས་བཀུར་གྱིས་ཞབས་ཞུ་སྒྲུབ་རྒྱུ་ཡིན། ཤེས་ཡོན་དང་། སྤྱི་ཚོགས་ཞབས་ཞུ། ནུས་སྟོབས་སྤེལ་རྒྱུའི་ལས་འཆར་འོག་ནས་སྤོབས་པ་དང་བཟོད་བསྲན་གྱི་བསམ་བློ་དང་། དྲན་ཤེས་དང་བདེ་ཐང་སོགས་ཡར་རྒྱས་གོང་འཕེལ་གཏོང་རྒྱུ། དེ་བཞིན་ཕྱི་གསལ་ནང་གསལ་དང་ཚད་ལྡན་གྱི་འཛིན་སྐྱོང་ལམ་ལུགས་རྒྱུན་འཁྱོངས་ཞུ་རྒྱུ་ཡིན།

ང་ཚོའི་བྱུང་རབས།

ཚོགས་པའི་རྒྱབ་ལྗོངས།

ང་ཚོའི་རྩ་བའི་བྱུང་རབས་དང་དམིགས་ཡུལ་གྱི་འབྱུང་ཁུངས་ནི། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་རྡ་རམ་ས་ལ་ནས་འགོ་འཛུགས་བྱས་ཤིང་། སྐབས་དེར་བོད་མི་སྐྱབས་བཅོལ་བ་དང་ས་གནས་ཡུལ་མི་རྣམས་ལ་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་རོགས་སྐྱོར་བྱེད་ཆེད། “ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་” (Lha Charitable Trust) གསར་འཛུགས་ཞུས། བོད་མི་གསར་འབྱོར་བ་མང་པོ་ཞིག་ལ་བཟོད་སྒོམ་དང་སྙིང་སྟོབས་ཆེན་པོ་ཡོད་ནའང་། སྐད་ཡིག་དང་། ཤེས་ཡོན། ཉེར་མཁོའི་མཐུན་རྐྱེན་སོགས་མ་འདང་བའི་དཀའ་ངལ་ཡོད་སྟབས།

ཐོག་མར་ཨིན་ཡིག་འཛིན་གྲྭ་ཆུང་ཆུང་ཞིག་ནས་འགོ་བཙུགས་པའི་གཞི་རིམ་གྱི་ལས་འགུལ་འདི། ད་ཆ་གཟེངས་རྟགས་དང་ངོས་འཛིན་ལྡན་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཆེན་པོ་ཞིག་ཏུ་གྱུར་ཡོད། མི་ལོ་སུམ་ཅུ་མ་ཟིན་ཙམ་གྱི་རིང་ལ། ཚོགས་པ་འདིས་མི་གྲངས་འབུམ་ཕྲག་མང་པོའི་མི་ཚེར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་པ་བྱུང་ཡོད། ཚོགས་པ་འདིས་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་བརྒྱུད་ནས་མི་མང་ལ་གོ་སྐབས་གསར་པ་བསྐྲུན་པ་མ་ཟད། བོད་ཀྱི་རིག་གཞུང་འཛིན་སྐྱོང་བྱེད་པར་ཡང་ཞབས་འདེགས་ཆེན་པོ་ཞུས་ཡོད།

ཁེ་ན་ཌའི་ “ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་” གསར་འཛུགས།

ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༥ པའི་ནང་། ལྷ་ཚོགས་པའི་སྔོན་མའི་འགོ་ཁྲིད་རྣམས་ཀྱིས་ཁེ་ན་ཌའི་ནང་ “ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་” (Lha Tibetan Heritage Society) གསར་འཛུགས་ཞུས་ཤིང་། ང་ཚོའི་སྔར་གྱི་སྤྱི་ཚོགས་ཞབས་ཞུའི་ལོ་རྒྱུས་བཟང་པོ་དང་། ལག་ལེན་གྱི་ཉམས་མྱོང་། རིན་ཐང་ལྡན་པའི་དམིགས་ཡུལ་བཅས་གཞིར་བཞག་སྟེ། ཁེ་ན་ཌའི་སྤྱི་ཚོགས་ནང་ལས་གཞི་སྤེལ་རྒྱུའི་སེམས་འགུལ་དང་ཆོད་སེམས་བརྟན་པོ་ཡོད།

ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནས་བྱམས་བརྩེ་དང་། སྙིང་སྟོབས། དྲང་བདེན་གཞིར་བཅོལ་ཏེ། བོད་ཀྱི་སྐད་ཡིག་དང་ནང་ཆོས་རྒྱུན་འཛིན་དར་སྤེལ། ཤེས་ཡོན་དང་སྤྱི་ཚོགས་བདེ་དོན་སོགས་ཀྱི་ལས་དོན་སྒྲུབ་རྒྱུ་ནི་ང་ཚོའི་གཞི་རྩའི་དམིགས་ཡུལ་ཡིན། ང་ཚོས་སྔར་གྱི་ཉམས་མྱོང་དང་། བྱུང་རབས། རིན་ཐང་ལ་དཔེ་བླངས་ཏེ། ཁེ་ན་ཌའི་ནང་རང་སྐྱོང་དང་རང་དབང་གི་སྒོ་ནས་དམིགས་བསལ་གྱི་འོས་འགན་འཁུར་ཏེ་ཞབས་ཞུ་གང་ཐུབ་ཞུ་རྒྱུ་ཡིན།

ང་ཚོའི་གཙོ་བོའི་དམིགས་ཡུལ།

  • མི་སྒེར་གྱི་ནུས་པ་གོང་མཐོར་དང་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུ།

  • གསར་འབྱོར་བ་རྣམས་ལ་སྤྱི་ཚོགས་འབྲེལ་མཐུད་དང་ཞབས་ཞུའི་རོགས་རམ་བྱེད་རྒྱུ།

  • མ་འོངས་མི་རབས་གསར་པ་རང་ངོ་ཤེས་ཤིང་ངོས་འཛིན་ཐུབ་པ་དང་། རིག་སྟོབས་གོང་འཕེལ། ཞི་བདེ་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་རྒྱུ།

གཞུང་འབྲེལ་གནས་བབ་དང་ཕྱི་གསལ་ནང་གསལ།

“ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་” ནི་ཁེ་ན་ཌའི་ཁེ་མེད་ཚོགས་པའི་ཁྲིམས་སྒྲིག་འོག་དབུས་གཞུང་ལ་དེབ་སྐྱེལ་ཟིན་པ་དང་། ཁེ་ན་ཌ་དཔྱ་ཁྲལ་ལས་ཁུངས་ནས་གཞུང་འབྲེལ་དགེ་རྩ་ཚོགས་པ་ཞིག་ཏུ་ངོས་འཛིན་གཙང་མ་ཐོབ་ཡོད།

  • མཐུན་ཚོགས་ཀྱི་དེབ་སྐྱེལ་ཨང་གྲངས། (Corporation Number): 1695573-8

  • དཔྱ་ཁྲལ་ལས་ཁུངས་ཀྱི་དགེ་རྩའི་ཨང་གྲངས། (CRA Business Number): 79965 5436 RR0001

ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ཀྱི་ལས་དོན་གཙོ་བོ་ཁག

བོད་ཀྱི་ལེགས་བྱང་སྲུང་སྐྱོབ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞི་རྩར་བཟུང་སྟེ། ང་ཚོས་བོད་ཀྱི་སྐད་ཡིག་དང་། ལེགས་བྱང་། དྲན་པ་ཉེར་བཞག ནང་ཆོས་ཀྱི་ཤེས་རབ་བཅས་སྲུང་སྐྱོབ་དང་དར་སྤེལ་ཞུ་རྒྱུ་དང་། ཁེ་ན་ཌའི་མི་རིགས་དང་རིག་གཞུང་སྣེ་མང་འདུས་པའི་སྤྱི་ཚོགས་ཁྲོད། བྱམས་བརྩེ་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། འགྲོ་བ་མིའི་བཟང་སྤྱོད་དང་འགན་འཁུར་བཅས་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུའི་ལས་དོན་གང་ཐུབ་ཞུ་རྒྱུ་ཡིན།

 སྐྱབས་བཅོལ་བ་དང་གསར་འབྱོར་བར་རོགས་སྐྱོར།

བྱམས་བརྩེ་དང་། ལྷག་བསམ། གུས་བརྩེ་ལྡན་པའི་སྒོ་ནས། སྐྱབས་བཅོལ་བ་དང་གསར་འབྱོར་བ་རྣམས་ལ་གཞིས་ཆགས་གནས་སྤོར་གྱི་རོགས་རམ་དང་། དེ་བཞིན་མདུན་ལམ་སློབ་སྟོན། སྐད་ཡིག་སྦྱོང་བརྡར། ལག་རྩལ་གོང་འཕེལ། སེམས་ཁམས་འཕྲོད་བསྟེན་བཅས་ཀྱི་ཞབས་ཞུ་སྒྲུབ་རྒྱུ་དང་། མདོར་ན་ཁེ་ན་ཌའི་ནང་མི་ཚེ་གསར་པའི་བརྒྱུད་རིམ་ཁྲོད་དོན་ཕན་ལྡན་པའི་རོགས་སྐྱོར་གང་ཐུབ་ཞུ་བཞིན་ཡོད།

 ཚོགས་སྡེ་སྒྲིག་འཛུགས་ཁག་དང་མཉམ་ལས་རྒྱབ་སྐྱོར།

གཅིག་ཕན་གཅིག་གྲོགས་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འོག་ནས། ང་ཚོས་གཞུང་དང་། ཚོགས་སྡེ་སྒྲིག་འཛུགས། དེ་བཞིན་སྒེར་བཅས་དང་མཉམ་དུ་མཉམ་ལས་ཀྱི་འབྲེལ་ལམ་གང་ཐུབ་སྐྲུན་ཏེ། རོགས་དངུལ་དང་མཐུན་རྐྱེན་འཚོལ་སྒྲུབ་བྱ་རྒྱུ་དང་། ཤེས་ཡོན་དང་། སྤྱི་ཚོགས་ཡར་རྒྱས། རིག་གཞུང་རྒྱུན་འཛིན། སྤྱི་ཚོགས་བདེ་དོན་བཅས་གོང་མཐོར་གཏོང་རྒྱུའི་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་ཡིན།

འགན་ལྷན་གྱི་ཚོགས་མི་དང་ལས་བྱེད།

པདྨ་རྣམ་རྒྱལ།
ཚོགས་པ་གསར་འཛུགས་མཁན་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ།
བྱམས་པ་ཚེ་རིང་།
ཚོགས་པ་གསར་འཛུགས་མཁན་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན།
ངག་དབང་རབ་རྒྱས།
ཚོགས་པ་གསར་འཛུགས་མཁན་དང་ཚོགས་པའི་ཚོགས་གཙོ།
བསྟན་འཛིན་ནོར་འཛོམས།
དྲུང་ཆེ།
བསྟན་འཛིན་བསམ་གཏན།
ལས་རིམ་འབྲེལ་མཐུད་པ།
འབུམ་རམས་པ་རྒན་བདེ་ཆེན་རྡོ་རྗེ།
བོད་ཡིག་དགེ་རྒན།
སྨན་པ་ཚེ་དཔག་རྡོ་རྗེ།
བོད་ཡིག་དགེ་རྒན།
འཇམ་དཔལ་རྡོ་རྗེ།
བརྡ་ཁྱབ་མཛེས་བཟོ་བ།