སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་རིག་མཛོད།
དུས་རབས་ཉེར་གཅིག་པ་འདི་བརྡ་འཕྲིན་གྱི་དུས་རབས་ལ་ངོས་འཛིན་བྱེད་པ་བཞིན། བོད་ཕྱི་ནང་གི་བོད་མི་རྣམས་ཀྱིས་ཀྱང་བརྡ་འཕྲིན་ཕྱོགས་ལ་མི་རིགས་གཞན་དང་གཅིག་མཚུངས་ཀྱིས་ཇི་ཙམ་ཤེས་མིན་ལ་མ་ལྟོས་པར་དགའ་མོས་དང་སྤྲོ་ཤུགས་ཆེ་བར་བརྟེན།
ང་ཚོས་བོད་ཀྱི་རིག་གཞུང་དང་ལེགས་བྱང་སོགས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་གཞིའི་འོག་སློབ་དཔོན་ཟམ་གདོང་ཪིན་པོ་ཆེ་མཆོག་གི་ཟབ་རྒྱས་རིན་བྲལ་གྱི་གསུང་བཤད་དང་གསུང་རྩོམ་སོགས་དྲ་རྒྱ་བརྒྱུད་ནས་ཁྱབ་སྤེལ་བྱེད་རྒྱུའི་ཐག་གཅོད་ཞུས་པ་ཡིན།
ཚང་མས་མཁྱེན་གསལ་ལྟར་སློབ་དཔོན་མཆོག་གིས་ནང་ཆོས་དང། འཚེ་མེད་ཞི་བ། ཤེས་ཡོན་སློབ་གསོ། སྲིད་དོན་ཚན་རིག མང་གཙོའི་རིང་ལུགས། ཁྲིམས་ལུགས། ལོ་རྒྱུས། རིག་གནས། སྐད་ཡིག ཁོར་ཡུག བཟང་སྤྱོད་གོང་འཕེལ། མི་ཚེའི་རིན་ཐང་སོགས་ཀྱི་ཐོག་ལམ་སྟོན་གནང་བ་ཇི་སྙེད་ཅིག་བོད། ཨིན། ཧིན་གསུམ་ཐོག་དེབ་གཟུགས་དང་སྒྲ་འཇུག་བརྙན་འཕྲིན་སོགས་ཀྱི་ནང་བལྟ་ཉན་ཀློག་གསུམ་ཐུབ་རུང་། ཕྱོགས་གཅིག་ཏུ་གཟིགས་བདེ་བ་ཞིག་ད་བར་བྱུང་མེད་སྟབས། ད་ལམ་སྐྱེ་འགྲོ་སྤྱི་དང་། ཡང་སྒོས་བོད་ཕྱི་ནང་གཉིས་སུ་ཁོང་གི་གསུང་ལ་སྐོམ་པ་ཆུ་འདོད་ལྟར་གཙིགས་ཆེར་འཛིན་མཁན་གྲངས་ལས་འདས་པ་རྣམས་ལ་དྲ་ལམ་བརྒྱུད་ནས་ཉམས་ལེན་དང་ལྟ་ཀློག་ཐུབ་ཆེད་མཐུན་རྐྱེན་སྐྲུན་ཐབས་ཞུས་པ་ཞིག་ཡིན།
རིན་པོ་ཆེ་མཆོག་གི་གསུང་གི་བདུད་རྩི་སྐྱེ་རྒུའི་སྤྱོད་ཡུལ་དུ་མ་འགྱུར་ན་ཧ་ཅང་ཕངས་པས་བློས་མ་བཟོད་ནས། སྤྱིར་སྐྱེ་འགྲོ་ཡོངས་དང་། ཁྱད་པར་བོད་མི་རྣམས་ཀྱི་འཕྲལ་ཕུགས་ཕན་བདེའི་དགོས་མཁོར་མཐོང་སྟེ་དྲ་རྒྱ་འདི་བཞིན་གསར་བཟོ་ཞུ་རྒྱུར་སྤྱི་བརྟོལ་བསྐྱེད་པ་ཡིན།
དེང་སང་སྤྱིར་འཛམ་གླིང་དང་། བྱེ་བྲག་བོད་པའི་སྤྱི་ཚོགས་ནང་བཟང་སྤྱོད་ཉམས་རྒུད་ཧ་ཅང་མགྱོགས་མྱུར་སོང་སྟེ། མི་རྣམས་ཕྲག་དོག་དང། འགྲན་རྩོད། རྒྱལ་ཕམ། ང་ཆེ་ང་བཙན་གྱི་དུས་སྐབས་སུ་ཁྱད་དུ་འཕགས་ཤིང་མིག་དཔེར་འོས་པའི་སྐྱེས་བུ་དམ་པ་ཁོང་ལྟ་བུ་ནི་ཧ་ཅང་དཀོན་ཚད་དུ་གྱུར་ཅིང་། གང་ཉིད་ཀྱི་སྤྱོད་ལམ་གྱི་ཆ་ནས་བརྗོད་ན། རྟག་ཏུ་འདོད་ཆུང་ཆོག་ཤེས་དང་། བག་ཡོད་ཚུལ་མཐུན་གྱིས་ཉིན་མཚན་དུས་དྲུག་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་མ་ཟད། རྒྱས་སྤྲོས་དང་། རྒྱུ་ནོར་ལོངས་སྤྱོད། གཏམ་སྙན་གྲགས། ཐོབ་གོ་ས། མདོར་ན་དངུལ་དང་དངོས་པོ་སོགས་ཀྱི་འདོད་ཞེན་ཡོངས་སུ་སྤངས་པའི་ནང་པའི་དགེ་སློང་དཀྱུས་མ་ཞིག་གི་ཚུལ་དུ་བཞུགས་ཤིང། གང་ཉིད་ཀྱི་མཁྱེན་ཡོན་དང་རྣམ་དཔྱོད་ཀྱི་ཆ་ནས་བརྗོད་ན། ཕྱི་ནང་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་རབ་ཏུ་ཕྱུག་པ་ནི་བོད་པའི་སྤྱི་ཚོགས་ཙམ་མ་ཟད། འཛམ་གླིང་ཤར་ནུབ་མཁས་དབང་དུ་མའི་དཀྱིལ་ན་བོད་མི་རིགས་ཀྱི་ཆེ་མཐོང་དང་། གཟི་བརྗིད། ལ་རྒྱ། སྤོབས་པ་སོགས་གོང་མཐོར་འདེགས་པའི་ཕྱག་རྗེས་རྩེ་མོར་སོན་པ་མཁས་པའི་གཙུག་རྒྱན་ཞིག་ཏུ་བཀུར་བའི་དན་རྟགས་སུ་རྒྱ་གར་འཕགས་ཡུལ་གྱིས་གཙོས་རྒྱལ་སྤྱིའི་ནང་གྲགས་ཅན་གཙུག་ལག་སློབ་གྲྭ་དང། ཤེས་ཡོན་གྱི་སྡེ་ཚན། ཉམས་ཞིབ་ཁང་སོགས་ནས་སློབ་སྟོན་པ་དང་ལྷག་པའི་རིགས་བདག་སོགས་ཆེ་བསྟོད་ཀྱིས་བརྒྱན་པར་མཛད་པ་ལས་ཡོངས་སུ་ཤེས་ནུས།
དེ་ཡང་གཞན་དྲིང་མི་འཇོག་པ་ཞིག་ལ། ཪིན་པོ་ཆེ་མཆོག་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་དང་བཀའ་ཇི་གནང་ལ་ཤར་བསྐྱོད་གནང་མཁན་ཞིག་དང་། སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་རིག་གནས་སོགས་ཀྱི་ཆེད་དུ་དཀའ་བ་བརྒྱ་ཕྲག་ཁྱད་བསད་གནང་རུང་། ད་བར་བྱས་ཡུས་གཅིག་ཀྱང་གསུངས་མྱོང་མེད་ཅིང་། གཡུར་དུ་ཟ་བའི་རླབས་ཆེན་གྱི་གྲུབ་འབྲས་ཇི་བྱུང་གཟུར་གནས་བློ་ལྡན་ཀུན་གྱི་མཐོང་ཆོས་སུ་ལྷམ་མེར་གསལ་བ་ལགས། ད་དུང་ཁོང་ནི་བདེན་པ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་ངེས་པ་ཡོངས་སུ་རྙེད་པ་མ་ཟད། ཉམས་ལེན་ཚུལ་བཞིན་གནང་མཁན་ཞིག་ཀྱང་རེད།
ད་ལྟའི་བོད་ཀྱི་གནས་སྟངས་ཛ་དྲག་ཉག་ཕྲ་བའི་དུས་སྐབས་འདིར་ཪིན་པོ་ཆེ་མཆོག་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་ཡོད་པ་དེ་བོད་མི་རིགས་ཀྱི་བསོད་ནམས་ཡིན་པ་བརྗོད་མ་དགོས། དེར་བརྟེན་དྲ་རྒྱ་འདི་བཞིན་ང་ཚོའི་ཚོགས་པའི་ལས་འཆར་ཞིག་གི་ངོ་བོར་བཟོ་འགོད་ཐུབ་པ་ནི་སྤོབས་པ་དང་གཟི་བརྗིད་ཅིག་ཏུ་འཁུམས།

