ལོ་ངོ་སུམ་ཅུ་ཉེ་བའི་རིང་། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ཤེས་ཡོན་དང་། རིག་གཞུང་། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་བརྒྱུད་ནས་མི་གྲངས་འབུམ་ཕྲག་མང་པོའི་མི་ཚེ་བཟང་ཕྱོགས་སུ་འགྱུར་བ་བཏང་ཐུབ་པ་བྱུང་ཡོད། འདས་པའི་ལས་ཀའི་ཉམས་མྱོང་གཞིར་བཞག་ནས། ད་ཆ་ང་ཚོའི་ཁེ་ན་ཌའི་ལས་གཞི་ཁག་དྲ་རྒྱའི་བརྒྱུད་ནས་ཆ་ཤེས་ལེན་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད་པས། ཁྱེད་རང་ས་གནས་གང་དུ་ཡོད་ཀྱང་། ང་ཚོ་མཉམ་དུ་སློབ་སྦྱོང་དང་། ཡར་རྒྱས། དེ་བཞིན་རང་གི་སྐད་ཡིག་དང་། ཕ་མེས་ཀྱི་རིག་གཞུང་། རིན་ཐང་བཅས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་ཞུ་རྒྱུ།
ནུས་སྟོབས་སྤེལ་བའི་ལས་གཞི་ཁག

གཞོན་སྐྱེས་དང་དར་མའི་ནུས་སྟོབས་གོང་འཕེལ།
ང་ཚོའི་གཞོན་སྐྱེས་དང་དར་མའི་ནུས་སྟོབས་གོང་འཕེལ་གྱི་ལས་གཞི་འདིས། ལམ་སྟོན་སློབ་གསོ་དང་། འགོ་ཁྲིད་ནུས་རྩལ། ལག་རྩལ་སྦྱོང་བརྡར་བཅས་སྤྲད་དེ་མི་སོ་སོའི་གདེང་ཚོད་དང་དམིགས་ཡུལ་གོང་འཕེལ་གཏོང་རྒྱུར་རོགས་འདེགས་གང་ཐུབ་ཞུ་རྒྱུ་ཡིན་ཞིང་། ལྷག་པར་གཞོན་སྐྱེས་རྣམས་ཀྱི་ངོས་འཛིན་དང་། སེམས་ཤུགས། དེ་བཞིན་རང་ཉིད་ཀྱི་ཐོབ་ཁོངས་ཀྱི་འདུ་ཤེས་བཅས་བསྐྲུན་རྒྱུ་ཡིན། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་ལས་གཞི་འདིའི་སྙིང་པོ་ལྟ་བུ་ཡིན། རང་གི་སྐད་ཡིག་དང་རིག་གཞུང་ལ་རྒྱུས་མངའ་ཡོད་པའི་གཞོན་སྐྱེས་ཤིག་ཡིན་ན། འཇིག་རྟེན་འདིའི་ནང་སྤོབས་པ་དང་ཁ་ཕྱོགས་གསལ་པོའི་ངང་མདུན་བསྐྱོད་ཐུབ་རྒྱུ་དང་། དར་མ་རྣམས་ལ་སྐད་ཡིག་ཡར་རྒྱས་དང་། ནང་ཆོས། དེ་བཞིན་རིག་གཞུང་དང་ཤེས་ཡོན་གོ་རྟོགས་སྤེལ་ཏེ། བླང་དོར་འབྱེད་པའི་ཤེས་རབ་གོང་འཐོར་དང་མི་ཚེ་དོན་ལྡན་པ་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ཚོའི་ལས་གཞི་འདིའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་བའི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་སློབ་གསོ་དང་། ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་ཀྱི་རྩ་འཛིན་རྣམས་ལག་ལེན་བསྟར་ཏེ། ཤེས་ཡོན་ཙམ་མ་ཟད་མི་གཤིས་བཟང་པོ་ཡར་རྒྱས་གཏོང་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།

སེམས་ཁམས་འཕྲོད་བསྟེན་དང་དྲན་ཤེས།
ང་ཚོའི་སེམས་ཁམས་འཕྲོད་བསྟེན་དང་དྲན་ཤེས་ཀྱི་ལས་གཞི་འདིས། ནང་པ་སངས་རྒྱས་པའི་སྒོམ་སྒྲུབ་ཀྱི་ཉམས་ལེན་དང་དེང་རབས་སེམས་ཁམས་འཕྲོད་བསྟེན་གཉིས་ཟུང་འབྲེལ་གྱིས་མི་སྒེར་གྱི་ལུས་སེམས་བདེ་ཐང་ལ་ལྟ་སྐྱོང་ལམ་སྟོན་ཞུ་རྒྱུ་དང་། ང་ཚོས་སེམས་ངལ་ཉུང་དུ་གཏོང་བ་དང་། སེམས་ཀྱི་རྨ་ཁ་གསོ་བ། སེམས་ཀྱི་བཟོད་བསྲན་ནུས་པ་བརྟན་པོ་བསྐྲུན་རྒྱུར་རོགས་རམ་བྱེད་ཀྱི་ཡོད། བོད་ཀྱི་སྲོལ་རྒྱུན་བློ་སྦྱོང་དང་སྙིང་རྗེའི་སྒོམ་སྒྲུབ་ལ་གཞི་བཅོལ་ཏེ། ཁྱད་ལས་སེམས་ཁམས་སློབ་སྟོན་དང་དྲན་ཤེས་ཟབ་སྦྱོང་དང་སྦྲགས་ནས་གནའ་བོའི་ཤེས་རབ་དང་དེང་རབས་ཀྱི་སློབ་གསོའི་གཉིས་ཟུང་འབྲེལ་ཐོག་ནས་ལམ་སྟོན་སློབ་གསོ་སྤྲོད་རྒྱུ་ཡིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་དང་ (SEE Learning) གི་དགོངས་གཞིར་གཞིར་བཟུང་ནས། ང་ཚོའི་ལས་གཞི་འདིས། སྙིང་རྗེ་དང་། སེམས་མྱོང་གི་གོ་རྟོགས། འགྲོ་བ་མིའི་འགན་ཁུར་དང་བཟང་སྤྱོད་བཅས་གོང་འཕེལ་བཏང་སྟེ། རྒྱབ་ལྗོངས་དང་དད་མོས་འདྲ་མིན་ཡོད་པའི་སྐྱེ་བོ་ཚང་མ་ལས་རིམ་འདིའི་ནང་ཉམས་ཞུགས་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།

སློབ་ཡོན་དང་དཔལ་འབྱོར་རོགས་རམ།
དཔལ་འབྱོར་གྱི་གནས་སྟངས་ལ་བརྟེན་ནས་མི་ཞིག་གི་མདུན་ལམ་ལ་འགོག་རྐྱེན་དུས་ནམ་ཡང་ཡོང་མི་འོས་པ་ཡིན། ང་ཚོའི་སློབ་ཡོན་དང་དཔལ་འབྱོར་རོགས་རམ་གྱི་ལས་གཞི་འདིས། དམིགས་འདུན་ཡོད་པའི་སློབ་མ་དང་། མི་ཚེ་གང་པོར་སློབ་སྦྱོང་གནང་མཁན་རྣམས་ལ་མདུན་བསྐྱོད་བྱེད་ཐུབ་པར་རོགས་རམ་བྱེད་ཀྱི་ཡོད། ང་ཚོས་སློབ་ཡོན་སྤྲོད་པ་དང་། ལས་རིགས་འཕོ་འགྱུར་ལ་མཐུན་རྐྱེན་སྦྱོར་བ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ཀྱི་ཆེད་མཐོ་རིམ་སློབ་གཉེར་ལ་དཔལ་འབྱོར་རྒྱབ་སྐྱོར་བྱས་ཏེ། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གེགས་བར་ཆད་རྣམས་སེལ་ཐབས་དང་མདུན་ལམ་གང་མང་བསྐྲུན་རྒྱུ་ཡིན། ཤེས་ཡོན་ནི་ཀུན་ལ་སྒོ་མོ་ཕྱེ་བ་དང་། ཀུན་ལ་གོ་སྐབས་ཐོབ་ཐུབ་པ་ཞིག་དགོས་པ་ཡིན། ང་ཚོས་མི་སྒེར་ལ་ཤེས་ཡོན་གྱི་མ་དངུལ་རོགས་རམ་གང་ཐུབ་ཞུ་འཆར་ཡོད་ཅིང་། ཤེས་ཡོན་ཅན་མི་གཅིག་སྐྱེད་སྲིང་བྱེད་ཐུབ་ན། དེས་ནང་མི་དང་། མི་གཞན་ལ་སྐུལ་ལྕག་ཐེབས་པ་མ་ཟད། མཐར་སྤྱི་ཚོགས་ཧྲིལ་པོ་ཡར་རྒྱས་དང་ནུས་ཤུགས་གོང་འཕེལ་ཐུབ་ཀྱི་ཡོད།

བོད་ཀྱི་ལེགས་བྱང་རིག་གཛོད།
ང་ཚོའི་ལེགས་བྱང་རིག་མཛོད་འདིས། འཛམ་གླིང་གང་སར་ཡོད་པའི་སྐྱེ་བོ་ཀུན་གྱི་ཆེད་དུ་བོད་ཀྱི་ལེགས་བྱང་རྣམས་ཉར་ཚགས་དང་བརྒྱུད་སྤེལ་བྱེད་ཀྱི་ཡོད། ང་ཚོས་ནང་དོན་རིག་པ་དང་། སྐད་ཡིག རྩོམ་རིག སྒོམ་སྒྲུབ། རིག་གཞུང་བཅས་དང་འབྲེལ་བའི་གསུང་བཤད་དང་། རྩོམ་བྲིས། སློབ་ཚན་རྣམས་དྲ་ཐོག་ཏུ་ཡར་འཇུག་ཀྱིས་བོད་ཡིག་དང་། དབྱིན་ཡིག ཧིན་ཡིག་བཅས་ཀྱི་ནང་ཡིག་ཐོག་དང་། བརྙན་པར། སྒྲ་ལྡན་གསུང་བཤད་བཅས་ཀྱི་ལམ་ནས་འདོན་སྤེལ་བྱེད་བཞིན་ཡོད། རིག་མཛོད་འདིའི་སྙིང་པོ་ལྟ་བུ་ནི། བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་རིན་བྲལ་གྱི་གསུང་ཆོས་དང་གསུང་རྩོམ་རྣམས་ཉར་ཚགས་འདོན་སྤེལ་ཞུ་ཡི་ཡོད། འདི་ནི་ཉར་ཚགས་ཙམ་མ་ཡིན་པར། རྩ་ཆེ་བའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་འདི་ཉིད་མུ་མཐུད་ཤེས་རྟོགས་དང་། དར་སྤེལ། མདུན་བསྐྱོད་བྱེད་པའི་བྱ་གཞག་གལ་ཆེ་ཞིག་ཡིན།

རིག་གཞུང་གླེང་མོལ།
བོད་ཀྱི་རིག་གཞུང་གོ་རྟོགས་སྤེལ་བའི་ཐབས་ལམ་ནི་གླེང་མོལ་གང་མང་ཞུ་རྒྱུ་དེ་ཡིན་ཞིང་། ཁེ་ན་ཌའི་སྣ་མང་འདུས་པའི་མི་རིགས་ཀྱི་སྤྱི་ཚོགས་ནང་མི་རིགས་སོ་སོའི་རིག་གཞུང་དར་སྤེལ་དང་གླེང་མོལ་ཞུ་རྒྱུའི་གོ་སྐབས་མང་པོ་ཡོད་ཅིང་། ང་ཚོའི་རིག་གཞུང་ནང་ཁུལ་གྱི་གླེང་མོལ་ལས་གཞི་འདིས། དད་མོས་དང་རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་མཉམ་དུ་འཛོམས་ནས། ཕན་ཚུན་རྒྱུས་ལོན་ཙམ་མ་ཟད་སྙིང་ཉེ་བའི་འབྲེལ་བ་བསྐྲུན་རྒྱུར་དམིགས་ཀྱི་ཡོད། མི་རྣམས་དབར་གྱི་གོ་རྟོགས་ངོ་མ་ནི་བྲེལ་འཚུབ་ཀྱིས་བཟོ་ཐབས་མེད་ཅིང་། དེ་ནི་ལྷོད་ཡངས་ཀྱི་གླེང་མོལ་དང་། ལྷན་དུ་ཁ་ལག་བཟའ་བ། ཕན་ཚུན་འགྲོགས་འདྲིས་བྱེད་པ་བཅས་ཀྱི་ཁྲོད་ནས་རིམ་གྱིས་འབྲེལ་ལམ་ཡར་རྒྱས་དང་གཅིག་ཕན་གཅིག་གྲོགས་ཀྱི་ལས་དོན་མང་པོ་བྱེད་ཐུབ་པ་ཡིན།

གཞིས་ཆགས་དང་སྐྱབས་བཅོལ་ལག་བསྟར་རོགས་རམ།
རྒྱལ་ཁབ་དང་ས་གནས་གསར་པ་དང་ཞིག་ཏུ་འབྱོར་བའི་ཟླ་བ་དང་པོ་དེ་དག་ནི་ཧ་ཅང་དཀའ་ངལ་དུས་སྐབས་ཤིག་ཡིན་ཞིང་། ང་ཚོའི་གཞིས་ཆགས་དང་སྐྱབས་བཅོལ་རོགས་རམ་གྱི་ལས་གཞི་འདིས། གསར་འབྱོར་རྣམས་ལ་དོན་ཕན་ལྡན་པའི་རྒྱབ་སྐྱོར་དང་ལམ་སྟོན་བྱེད་ཀྱི་ཡོད། འཚོ་ཁ་ཕྱོགས་སྟོན་པ་དང་། ཡིག་ཆའི་རོགས་རམ། སྐད་ཡིག་སྦྱོང་བརྡར། དེ་བཞིན་ཉིན་རེའི་འཚོ་བའི་འགྲོ་སྟངས་སོགས་ལ་ལམ་སྟོན་བྱས་ཏེ། མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་ཙམ་མ་ཟད་དཀའ་ངལ་མེད་པའི་འཚོ་གནས་གསར་པ་སྐྲུན་རྒྱུ་དང་། ང་ཚོ་མི་རྣམས་ལ་ཆེ་མཐོང་དང་། གདེང་ཚོད། སྤོབས་པ་བཅས་ཀྱི་ངང་འཚོ་བ་གསར་པ་བསྐྲུན་རྒྱུར་རོགས་རམ་བྱེད་ཀྱི་ཡོད། ང་ཚོའི་དམིགས་ཡུལ་ནི་ཁེ་ན་ཌའི་ནང་ལོ་དང་པོར་འཚོ་གནས་བྱེད་རྒྱུ་ཙམ་མ་ཡིན་པར། སྤྱི་ཚོགས་འདིའི་ཁོངས་སུ་ངོ་མར་གཏོགས་པའི་འདུ་ཤེས་ཤིག་བསྐྲུན་རྒྱུ་དེ་ཡིན།

