Skip to main contentSkip to footer
གསར་འགྱུར།

ལྷ་དྲ་ཐོག་བོད་ཡིག་འཛིན་གྲྭ་དབུ་འཛུགས།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༨ ཉིན་ང་ཚོ་ཚོགས་པའི་དམིགས་ཡུལ་དང་ལས་འཆར་གཞིར་བཟུང་དྲ་ཐོག་བོད་ཡིག་འཛིན་གྲྭ་དངོས་སུ་འགོ་འཛུགས་ཞུས་ཤིང་། འཛིན་གྲྭ་འགོ་འཛུགས་མ་བྱས་སྔོན་བོད་ཡིག་འཛིན་གྲྭའི་གྲ་སྒྲིག་དང་ཉམས་མྱོང་བརྗེ་རེས་ཀྱི་དྲ་ཐོག་ཚོགས་འདུ་ཐེངས་འགའ་ཞིག་ཚོགས་པ་དང་། ཚོགས་འདུའི་ཐོག་སྦེལ་ཇི་ཡམ་ནས་ཡིན་པའི་བོད་ཡིག་དགེ་རྒན་ཁྱད་ལས་པ་ལྷག་པ་ཚེ་རིང་ལགས་དང་། བོད་ཡིག་དགེ་རྒན་འབུམ་རམས་པ་བདེ་ཆེན་རྡོ་རྗེ་ལགས། སྨན་པ་རྒན་ཚེ་དཔག་རྡོ་རྗེ་ལགས། ཚོགས་པའི་འགན་ལྷན་ཚོགས་མི་པདྨ་རྣམ་རྒྱལ་ལགས་དང་ངག་དབང་རབ་རྒྱལ་བཅས་མཉམ་ཞུགས་ཀྱིས། དྲ་ཐོག་སློབ་ཁྲིད་ཀྱི་ཐབས་ལམ་དང་བེད་སྤྱོད་གཏོང་ཕྱོགས་སྐོར་ལ་བསམ་འཆར་ལྷུག་པོ་བརྗེ་རེས་བྱས་ཡོད།

འཛིན་གྲྭ་དབུ་འཛུགས་ཀྱི་ཉིན་མོར་ཁྱོན་སློབ་ཕྲུག་ ༡༧ འཛུལ་ཞུགས་གནང་ཡོད་པ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་བོད་ཀྱི་གཅེས་ནོར་ཟླ་བ་སྲུང་བརྩིའི་ཆ་ཤས་སུ་༸རྒྱལ་བའི་ལྷ་དཀར་ཉིན་དང་བསྟུན་ཏེ་དབུ་འཛུགས་ཞུས། ཐོག་མར་དགེ་སློབ་ཕན་ཚུན་ངོ་སྤྲོད་དང་། དེ་རྗེས་སློབ་ཕྲུག་སོ་སོའི་གནས་ཚད་དང་མཐུན་པའི་སློབ་ཁྲིད་བྱེད་ཐབས་ཆེད་དུ་ཁོང་ཚོའི་བོད་སྐད་བཤད་རྩལ་དང་། ཀློག་རྩལ། འབྲི་རྩལ་བཅས་ཀྱི་གནས་ཚད་ལ་རྟོག་ཞིབ་གནང་ཡོད། དེ་བཞིན་ཟླ་ ༧ ཚེས་ ༡༡ ཉིན་དར་མ་འཛིན་གྲྭ་འགོ་འཛུགས་ཞུས་ཤིང་། འཛིན་གྲྭ་འགོ་འཛུགས་སྐབས་སློབ་གཉེར་བ་གྲངས་ ༡༢ ཙམ་ཡོད་པ་དང་། སློབ་ཁྲིད་དུ་བོད་ཡིག་འབྲི་ཀློག་དང་ནང་ཆོས་ཐ་སྙད་སོགས་སློབ་ཁྲིད་བྱེད་ཀྱི་ཡོད།

ཐེངས་འདིའི་འཛིན་གྲྭ་ནི་དགེ་རྒན་འབུམ་རམས་པ་བདེ་ཆེན་རྡོ་རྗེ་ལགས་དང་། སྨན་པ་ཚེ་དཔག་རྡོ་རྗེ་ལགས། དགེ་བཤེས་ཡེ་ཤེས་དགའ་བ་ལགས་བཅས་ཀྱིས་སྣེ་ཁྲིད་དང་སློབ་ཁྲིད་གནང་བཞིན་ཡོད་པ་དང་། དགེ་རྒན་རྣམ་པའི་ལམ་སྟོན་འོག་སློབ་ཕྲུག་ཚོར་སྤྲོ་སྣང་དང་ལྡན་པའི་སྒོ་ནས་འགོ་འཛུགས་ཡག་པོ་ཞིག་བྱུང་ཡོད།

ལྷ་སྤྱི་ཕན་ཚོགས་པའི་ངོས་ནས་སློབ་ཕྲུག་དང་ཕ་མ་ཡོངས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་མཉམ་རུབ་ཐོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཅེས་ཉར་དང་དར་སྤེལ་གཏོང་རྒྱུའི་དམ་བཅའ་བརྟན་པོ་ཡོད། ལས་འཆར་འདིར་བོད་ཀྱི་ཐེབས་རྩས་རོགས་དངུལ་མཐུན་འགྱུར་གནང་བར་བཀའ་དྲིན་ཆེ་ཞུ།

 

གསར་གནས།