Skip to main contentSkip to footer

 

༈དར་མ་དང་གཞོན་སྐྱེས་ཕ་མ་ཚོའི་ཆེད་དུ་དྲྭ་ཐོག་བོད་ཡིག་འཛིན་གྲྭ་འགོ་འཛུགས་རྒྱུའི་གསལ་བསྒྲགས།

༄༅།། ལྷག་བསམ་མཚུངས་མེད་བོད་ཀྱི་སྐད་ཡིག་དང་རིག་གཞུང་དོན་གཉེར་ཅན་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།

ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་འདི་བཞིན་ཁེ་ན་ཌར་གསར་འཛུགས་ཀྱིས་ཁེ་མེད་དང་དགེ་རྩའི་ཚོགས་པའི་ངོ་བོར་གཞུང་འབྲེལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་ཡོད་པ་དང་། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབ་རྒྱུ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན།དེང་སྐབས་དྲྭ་ལམ་གྱི་མཐུན་རྐྱེན་ཧ་ཅང་ཚད་མཐོ་ལ་སྟབས་བདེ་ཡོད་པར་བརྟེན། ང་ཚོའི་ཞབས་ཞུའི་རྣམ་གྲངས་ཁག་དྲ་ཐོག་ནས་ཞུ་རྒྱུ་ཡིན་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༡ རེས་གཟའ་སྤེན་པ་ཉིན་ནས་བཟུང་དར་མ་དང་ཕ་མ་གཞོན་སྐྱེས་ཚོར་”དྲྭ་ཐོག་བོད་ཡིག་འཛིན་གྲྭ་” དངོས་སུ་དབུ་འཛུགས་ཞུ་རྒྱུ་ཡིན། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་དུས་བཟང་དང་། དེ་བཞིན་ཕྱི་ཟླ་བདུན་པ་ནི་མངའ་སྡེ་འདིའི་ནང་བོད་ཀྱི་གཅེས་ནོར་ཟླ་བ་སྲུང་བརྩི་ཞུ་རྒྱུའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་ཕན་པའི་ལས་གཞི་འདི་ལྟ་བུ་ཞིག་འགོ་འཛུགས་ཐུབ་པར་ཧ་ཅང་དགའ་སྤྲོ་རབ་ཏུ་འཕེལ།
གལ་ཆེའི་ལས་གཞི་འདིར་དོ་དབྱིངས་ཡོད་མཁན་ཁེ་ན་ཌར་བཞུགས་མཁན་ཙམ་མ་ཟད། བྱང་ཨ་རིའི་ས་གནས་ཁག་ནས་ང་ཚོའི་འཛིན་གྲྭའི་དུས་ཚོད་དང་མཐུན་ཚེ་མིང་ཐོ་འགོད་ནས་འཛུལ་ཞུགས་གནང་བར་དགའ་བསུ་ཡོད། སློབ་ཚན་འདིར་ཞུགས་པར་དར་མ་དང་ཕ་མ་གཞོན་སྐྱེས་ཐུགས་འདོད་ཡོད་མཁན་རྣམས་བོད་སྐད་ཀྱི་ཡིག་འབྲི་ཀློག་ཡར་རྒྱས་གཏོང་འདོད་ཡོད་མཁན་ཡིན་དགོས།
ང་ཚོ་ཚང་མར་བོད་མི་རིགས་ཀྱི་སྲོག་རྩར་གྱུར་པའི་བོད་ཀྱི་སྐད་ཡིག་དང་ཆོས་རིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་འདོར་དུ་མེད་པའི་ཐུན་མོང་གི་འོས་འགན་ཆེན་པོ་ཡོད་པ་དང་། ལྷག་པར་ད་ལྟའི་དར་མའི་མི་རབས་དང་གཞོན་སྐྱེས་ཕ་མ་ཚོར་དེ་བས་འགན་ཁུར་ཧ་ཅང་ཆེན་པོ་ལྡན་ཡོད་། དེར་བརྟེན་ཚང་མས་རང་དོན་རང་གཅེས་དང་གོ་སྐབས་དམ་འཛིན་གྱིས་མ་འོངས་བོད་ཀྱི་སོན་རྩ་དང་སོ་སོའི་བུ་ཕྲུག་རྣམས་མིང་དོན་མཚུངས་པའི་བོད་མི་དང་བོད་ཀྱི་སྐད་ཡིག་ཡག་པོ་ཤེས་མཁན་ཡོང་ཆེད་གང་མང་གིས་ཆ་ཤས་བཞེས་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
ཚོགས་པ་འདི་ནི་དྷ་སར་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་དང་ད་ལྟའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འགའ་ཤས་ཡིན་ཞིང་། མི་ལོ་ ༢༠ ལྷག་ཁེ་མེད་ཚོགས་པ་འཛིན་སྐྱོང་དང་ལས་གཞི་འཆར་འགོད་བྱས་པའི་ཉམས་མྱོང་ཡོད་པ་མ་ཟད། ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན། ལྷག་པར་དུ་བོད་ཀྱི་ཡིག་སྐད་དང་རིག་གཞུང་སོགས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་འགན་ཁུར་གྱི་འདུ་ཤེས་དང་ཉམས་མྱོང་ཡོད་མཁན་ཤ་སྟག་ཡིན།
སློབ་ཁྲིད་གནང་མཁན་དགེ་རྒན། ། སྨན་པ་ཚེ་དཔག་རྡ་རྗེ་ལགས་ནི་བློ་གསལ་གླིང་གྲྭ་ཚང་དུ་ལོ་མང་རིང་གཞུང་ཆེན་མོ་སློབ་སྦྱོང་དང་ཁང་ཚན་གྱི་སློབ་གཉེར་བ་རྣམས་ལ་སུམ་རྟགས་སློབ་ཁྲིད། དེ་བཞིན་དྷ་སར་བརྟེན་གཞི་བྱས་པའི་ལོཙཱ་བ་རིན་ཆེན་བཟང་པོ་སྐད་སྒྱུར་འཛིན་གྲྭར་ཕྱི་རྒྱལ་བར་བོད་ཡིག་དང་ནང་ཆོས་སློབ་ཁྲིད་ཞུ་མྱོང་ཡོད། ཁོང་ནི་བོད་ཀྱི་སྐད་ཡིག་དང་། རྩོམ་རིག སྨན་རྩིས། རིག་གཞུང་། ནང་ཆོས་བཅས་ལ་མཁྱེན་རྒྱ་ཡངས་པ་མ་ཟད། སྐད་ཡིག་སློབ་ཁྲིད་གནང་ཕྱོགས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་ཡིན།
འཛིན་གྲྭའི་གནས་ཚུལ་སྙིང་བསྡུས།
འགོ་འཛུགས་ཉིན་མོ། ༢༠༢༦ ཕྱི་ཟླ་ ༧ ཚེས་ ༡༡ ཉིན།
སློབ་ཁྲིད་བྱེད་ཐབས། དྲ་ཐོག་གྷུ་གྷལ་འཛིན་ཁང་། (Google Classroom / Google Meet)
ཐོ་འགོད་དུས་བཀག ༢༠༢༦ ཕྱི་ཟླ་ ༧ ཚེས་ ༩ བར།
ཐོ་འགོད་འགེངས་ཤོག འདིར་གནན་ནས་ཐོ་འགོད་གནང་རོགས།
(སློབ་དུས་དང་སློབ་ཡོན་དོད་སོགས་དགོས་ངེས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁག་ཐོ་འགོད་འགེངས་ཤོག་ནས་མཁྱེན་རྟོགས་ཐུབ་པས་དེར་གཟིགས་རོགས་ཞུ།)
ལས་གཞིའི་རོགས་དངུལ་གནང་མཁན་བོད་ཀྱི་ཐེབས་རྩ་ཡིན་པས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
ལྷ་བོད་ཀྱི་གཅེས་ནོར་མཐུན་ཚོགས་ནས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༩ ཉིན།
📞 འབྲེལ་གཏུག་མི་སྣ། ངག་དབང་རབ་རྒྱས་དང་བསྟན་འཛིན་བསམ་གཏན། 📱 ཁ་པར་ཨང་། 437-800-2488 📧 གློག་འཕྲིན་ཁ་བྱང་། [email protected]